མཆོད་བརྗོད ། ཐུགས་རིག་རྣམ་པར་བཀྲ་བའི་ལྷ་ལམ་ལས ། ། ཕར་ཕྱིན་གཞུང་གི་གནད་དོན་ཉི་མ་འཆར ། ། གདུལ་བྱའི་རྒྱུད་ཀྱི་པད་མ་སྨིན་མཛད་པ ། ། ཤེས་རབ་...
མཆོད་བརྗོད།
ཐུགས་རིག་རྣམ་པར་བཀྲ་བའི་ལྷ་ལམ་ལས། །ཕར་ཕྱིན་གཞུང་གི་གནད་དོན་ཉི་མ་འཆར། །
གདུལ་བྱའི་རྒྱུད་ཀྱི་པད་མ་སྨིན་མཛད་པ། །ཤེས་རབ་མངའ་བདག་རྗེ་བཙུན་བླ་མ་མཆོད། །
རྩོམ་པར་དམ་བཅའ།
ཡུམ་གྱི་རྣམ་བཞག་འདོད་ཚུལ་མདོར་བསྡུས་ཙམ། །
རང་གི་ཡིད་ལ་གོམས་ཕྱིར་བྲི་ལ་སྤྲོའོ། །
ཞེས་མཆོད་བརྗོད་ཀྱི་ལེགས་ཚིག་སྔོན་དུ་འགྲོ་བའི་ཕྱག་འཚལ་ནས། ད་ལམ་ཚོགས་གྲལ་འདིར་བཞུགས་ཀྱི་ཡོན་གནས་དམ་པ་དགེ་འདུན་འདུས་པ་ཐམས་ཅད་དར་ཅིག་གསན་པར་འཚལ། སྐབས་འདིར་གང་ཞིག་གླེང་བར་བྱ་བའི་འོས་སུ་གྱུར་པ་ནི་ཆོས་ལྡན་གྱི་གཏམ་རབ་ཏུ་གནས་པའི་དགའ་སྟོན་དང་ལེགས་པའི་རྟེན་འབྲེལ་ལས་བརྩམས་ཏེ་རང་གི་བརྗོད་བྱ་གང་ཡིན་པ་དེ་ཞུ་བ་ལགས་ན། དེ་ཡང་བྱམས་པས་མངོན་རྟོགས་རྒྱན་ལས། ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང༌། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ་ལོ། །དེའི་དོན་ཡང་ཕར་ཕྱིན་གྱི་འགྲེལ་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་རྣམ་པ་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉེ་བར་དགོད་པ་སྔོན་དུ་འགྲོ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བ་ཞེས་དང་། ཉན་ཐོས་ཀྱི་ཞི་བའི་མྱང་འདས་དང་རང་སངས་རྒྱས་ཀྱི་ཞི་བའི་མྱང་འདས་བཅས་ཚོལ་བའི་གང་ཟག་རྣམས། ཀུན་ཤེས་སམ་གཞི་ཤེས་ཉིད་ཀྱི་སྒོ་ནས་ཉོན་མོངས་ཉེ་བར་ཞི་བར་གྱུར་པའི་ཉན་རང་གི་གོ་འཕང་དུ་ཁྲིད་པར་མཛད་པའི་་ཡུམ་གང་ཡིན་པ་དང་། འགྲོ་ལ་ཕན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་གྱི་དོན་གྱི་མཆོག་ཏུ་གྱུར་པའི་མྱང་འདས་ཀྱི་གོ་འཕང་བསྒྲུབ་པར་མཛད་པའི་ཡུམ་གང་ཡིན་པ་དང་བཅས་པ་ལ་ཕྱག་འཚལ་ཞིང་། དེ་ཙམ་དུ་མ་ཟད་ཐུབ་མཆོག་རྣམས་ཀྱི་ཐུགས་རྒྱུད་དེར་རྣམ་མཁྱེན་གང་དང་ཡང་དག་པར་ལྡན་པའི་དབང་གིས་ཐུབ་མཆོག་རྣམས་ཀྱིས་བརྗོད་བྱ་ཟབ་རྒྱས་ཀྱི་རྣམ་པ་ཀུན་དང་ལྡན་པའི་སངས་རྒྱས་ཀྱི་གསུང་སྣ་ཚོགས་པ་འདི་གསུངས་པར་མཛད་པའི་ཡུམ་ཡང་ཡིན། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པའམ་ལྷན་ཅིག་པའི་སངས་རྒྱས་ཀྱི་ནི་ཡུམ་ཡང་ཡིན་པ་དེ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ནས་འཕྲོས་ནས་ ཡུམ་གྱི་དོན་ལ་དཔྱད་པ་འཇུག་པ་ལ། མདོར་རྒྱས་གཉིས་ལས།དང་པོ་མདོར་བསྟན་ནི། སྤྱིར་ཡུམ་གྱི་མཚན་ཉིད། རང་སྲས་འཕགས་པ་སྐྱེད་བྱེད། དབྱེ་ན། གཞི་ཤེས། ལམ་ཤེས། རྣམ་མཁྱེན་གསུམ་མོ། །གཞི་ཤེས་ཀྱི་དོན་ནི། གཞི་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ། ལམ་ཤེས་ནི། ལམ་ཐམས་ཅད་སྐྱེ་བ་མེད་པར་ཤེས་པ། རྣམ་མཁྱེན་ནི། རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པའོ། །སློབ་དཔོན་སེངྒེ་བཟང་པོས་ཀྱང་དེ་ལྟར་བཞེད་དོ། །
དེ་གསུམ་ཀ་ལའང་མཁས་པ་སོ་སོའི་དབྱེ་བ་བཞེད་ཚུལ་མི་འདྲ་བ་དུ་མ་ཡོད་ཀྱང་རེ་ཞིག་གཏང་སྙོམས་སུ་བཞག་ནས། རང་གི་བློར་འབབ་པ་བཞི་ཡོད་དེ། བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ། སྐྱེད་བྱེད་ཀྱི་ཡུམ།བསྟོད་ཡུམ། ཕྱག་ཡུམ་མོ། །དང་པོ་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་ནི། རང་གི་བསམ་པའི་དོན་སྒྲུབ་པར་བྱེད་པའི་མཁྱེན་པ། ཉན་ཐོས་ཀྱི་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གཞི་ཤེས། བྱང་སེམས་ཀྱི་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་ལམ་ཤེས། སངས་རྒྱས་འཕགས་པའི་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་རྣམ་མཁྱེན། མཁྱེན་པ་གསུམ་ཡིན་ན་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་ཡིན་པས་ཁྱབ་པ་ཁས་ལེན་ན་སྐྱོན་མེད་པར་སྣང་ངོ། །
གཉིས་པ་སྐྱེད་བྱེད་ཀྱི་ཡུམ་ནི། གོང་དུ་བཤད་པའི་སྤྱིར་ཡུམ་གྱི་མཚན་ཉིད་དང་མཚུངས། སྐྱེད་བྱེད་ཀྱི་ཡུམ་ལ་ཅུང་དཔྱོད་པ་ཞུགས་ན། སྐྱེད་བྱེད་ཀྱི་ཡུམ་ཡིན་ན་མཁྱེན་པ་གསུམ་མ་ཡིན་པར་བཞེད་པ་མ་ཡིན་ནམ། དེ་ཡང་ཉན་ཐོས་སྐྱེད་བྱེད་ཀྱི་ཡུམ་ནི་ཉན་ཐོས་སྦྱོར་ལམ་ཆོས་མཆོག་དང་། བྱང་སེམས་སྐྱེད་བྱེད་ཀྱི་ཡུམ་ནི་ཐེག་ཆེན་སྦྱོར་ལམ་ཆོས་མཆོག་དང་། སངས་རྒྱས་འཕགས་པ་སྐྱེད་བྱེད་ཀྱི་ཡུམ་ནི་ས་བཅུ་བའི་རྒྱུན་གྱི་མཐའ་མའོ། །རྒྱུ་མཚན་དེ་ལ་ཐུག་ནས་བཞག་གོ། །དཔེར་ན་འཇིག་རྟེན་ན་སྐྱེས་པའི་མ་དང་བུ་ཐ་དད་པ་བཞིན་ནོ།། བསྟོད་ཡུམ་དང་ཕྱག་ཡུམ་ནི་གོ་བསླ་བས་ཡི་གེ་མང་བས་འཇིགས་ནས་འདིར་མ་སྤྲོས་སོ། །
གཉིས་པ་རྒྱས་པར་བཤད་པ་ལ། ཡུམ་གྱི་མཚན་ཉིད། དབྱེ་བ། ཡུམ་ལ་དཔྱོད་པའོ། །
དང་པོ་ཡུམ་གྱི་མཚན་ཉིད་ནི། མཁྱེན་པ་གསུམ་གྱི་བདག་ཉིད་ཀྱི་ཤེར་ཕྱིན། ཞེས་ཀུན་མཁྱེན་ཆེན་པོས་ལུང་ལ་འཇུག་པའི་སྒོ་ལས་གསུངས་སོ། །སློབ་དཔོན་སེངྒེ་བཟང་པོས་འགྲེལ་པ་དོན་གསལ་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཚུལ་གསུམ་པ་ཅན། ཞེས་ཡུམ་གྱི་མཚན་ཉིད་དུ་བཞེད། དགོངས་པ་གཅིག་ཏུ་མཐུན་པ་འཐད་དོ། །
གཉིས་པ་དབྱེ་བ་ལ། ཉན་རང་གྱི་ཡུམ་གཞི་ཤེས། བྱང་སེམས་ཀྱི་ཡུམ་ལམ་ཤེས། སངས་རྒྱས་ཀྱི་ཡུམ་རྣམ་མཁྱེན་བཅས་གསུམ་མོ། །དང་པོའི་མཚན་ཉིད་ནི། གཞི་ཙམ་མངོན་སུམ་དུ་སྤྱིའི་མཚན་ཉིད་ཀྱིས་ཤེས་པའི་ཕར་ཕྱིན། དབྱེ་ན་ཉན་ཐོས་ཀྱི་གཞི་ཤེས། རང་རྒྱལ་གྱི་གཞི་ཤེས་སོ། ། གཞི་ཙམ་གྱི་སྒྲས་རྣམ་མཁྱེན་དང་ལམ་ཤེས་ཀྱང་བཅད་དོ། །གཉིས་པའི་མཚན་ཉིད་ནི། ལམ་ཙམ་མངོན་སུམ་དུ་རང་བཞིན་མེད་པར་རྟོགས་པའི་ཕར་ཕྱིན། དབྱེ་བ་ས་བཅུའམ། བྱང་སེམས་ཀྱི་མཐོང་སྒོམ་མོ། །གསུམ་པའི་མཚན་ཉིད་ནི། ཁྱད་པར་གསུམ་ལྡན་གྱི་ཕར་ཕྱིན་ནམ་སྲིད་ཞི་ལ་མི་གནས་པ་མཐར་ཐུག་པའི་མཁྱེན་པའོ་ཞེས་ལུང་ལ་འཇུག་པའི་སྒོ་ལས་གསུངས་སོ། །
ཡང་དེ་གསུམ་གྱི་དོན་ནི་རྒྱལ་བའི་ཡུམ་བར་མ་ལས། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ།།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་རྒྱས་ཀྱི་ཡིན་ནོ། །བཅོམ་ལྡན་འདས་ཅིའི་སླད་དུ་ཐམས་ཅད་འཚལ་བ་ཉིད་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལགས། རབ་འབྱོར་ཐམས་ཅད་ནི་ཕྱི་དང་ནང་གི་ཆོས་རྣམས་ཇི་སྙེད་པ་འདི་ཙམ་ཡིན་ལ། དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་ཀྱི། ལམ་ཐམས་ཅད་ཀྱིས་ཀྱང་མ་ཡིན་ལ། རྣམ་པ་ཐམས་ཅད་དུ་ཡང་མ་ཡིན་པས་དེའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ། །བཅོམ་ལྡན་འདས་ཅིའི་སླད་དུ་ལམ་གྱི་རྣམ་པར་འཚལ་བ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལགས།རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང༌། སངས་རྒྱས་ཀྱི་ལམ་གང་ཡིན་པ་དང༌། སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་རང་བསྐྱེད་པར་བྱ་ཞིང་། ལམ་ཐམས་ཅད་ཤེས་པར་བྱའོ། །དེ་དག་ཀྱང་ཡོངས་སུ་རྫོ་གས་པར་བྱ་ཞིང་། དེ་དག་གིས་ལམ་གྱི་བྱ་བ་ཡང་བྱ་ལ།སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བྱས་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་སྦྱངས་པར་དེ་དག་གིས་ཡང་དག་པའི་མཐའ་མངོན་སུམ་དུ་ནི་མི་བྱའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱའོ། །བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལགས། རབ་འབྱོར་རྣམ་པ་གང་དག་དང་རྟགས་གང་དག་དང་མཚན་མ་གང་དག་གིས་ཆོས་རྣམས་རབ་ཏུ་བརྗོད་པའི་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་གསུངས་སོ། །
གསུམ་པ་ཡུམ་ལ་དཔྱད་པ་ནི། སློབ་དཔོན་སེངྒེ་བཟང་པོས་འགྲེལ་པ་དོན་གསལ་དུ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཚུལ་གསུམ་པ་ཅན། ཞེས་ཡུམ་གྱི་མཚན་ཉིད་དུ་གསུངས། དེ་ཡང་ཡུམ་དངོས་ལ་གོ་དགོས་སོ། །སློབ་དཔོན་གྱིས་བཞག་པའི་མཚན་ཉིད་ཐོགས་ལ། མཁས་པ་སོ་སོའི་འགྲེལ་ཐངས་དུ་མ་ཡོད་དེ། མཁྱེན་པ་གསུམ་གྱི་བདག་ཉིད་ཅེས་སྨྲོས་པ་ནི། མཁྱེན་པ་གསུམ་ཀ་ལ་གོ་བ་ཡོད་པ་དང་། དཔེར་ན་ཀ་བ་བྱས་མི་རྟག་པས་བདག་ཉིད་ཅེས་པའི་སྐབས་དེ་ལ་ཀ་བ་བྱས་པ་ཡིན་མི་རྟག་པ་ཡིན་པ་དེ་བཞིན་ནོ། །དེས་ན་མཁྱེན་པ་གསུམ་གཞི་མཐུན་ཡོད་པའི་ཕྱིར་རོ་ཞེས་འདོད་པ་དང་། ལ་ལའི་མཁྱེན་པ་གསུམ་གྱི་བདག་ཉིད་ཅེས་པ་ནི་མཁྱེན་པ་གསུམ་རེ་རེ་ལ་གོ་བ་འདོད་པ་མང་བ་མཆིས་སོ། །ཡིན་ན་ཡང་རང་ལ་ཐོས་པ་ཆུང་བ་དང་སྤོབས་པ་དབེན་པའི་སྟབས་ཀྱི་མ་ལགས་སམ་བློ་ལ་འཐད་པ་མ་སྣང་། རང་གི་གོ་བ་ལྟར་ན་མཁྱེན་པ་གསུམ་ཆར་གྱིས་རྟོགས་བྱར་འགྱུར་པའམ་སྤྱོད་ཡུལ་དུ་འགྱུར་པ་ལ་མཁྱེན་པ་གསུམ་གྱི་བདག་ཉིད་ཅེས་བརྗོད་པ་མ་ཡིན་པ་སྙམ།
རང་ལུགས་ཀུན་མཁྱེན་ཆེན་པོས་ཀྱང་། བྱམས་པའི་ཞལ་ལུང་དུ། དེར་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཅེས་སྨྲོས་པས་ནི། ཁྱད་པར་གྱི་གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་པུ་ཁྱད་པར་མཁྱེན་པ་གསུམ་དུ་འཆར་བར་བསྟན་པས་ཡུམ་འདི་གཅིག་དུ་མར་སྟོན་པའི་མཐུའོ། །ཞེས་གསུངས། རང་གི་འཆར་སྣང་ལའང་། དབུ་མ་འཇུག་པ་ལས་བསྟན་པ་ལྟར་དུ། ངོ་བོ་སྟོང་ཉིད་རུང་བ་ལ་ཐམས་ཅད་རུང་བ་ཡིན་ངོ་བོ་སྟོང་པ་ཉིད་ཡིན་ན་ཡང་ཀུན་རྫོབ་མདངས་ལ་རྣམ་པ་མི་འདྲ་བ་རྟེན་འབྲེལ་གྱི་དབང་གི་དུ་མ་འཆར་བ་བསྟན་པ་དེ་བཞིན་དུ། ངོ་བོ་སྟོང་ཉིད་ལྟ་བུ་ཡུམ་རིན་པོ་ཆེ་གཅིག་པུ་ཡིན་ན་ཡང་ཕར་མདངས་ཕྲོས་འོང་འདི།མཁྱེན་པ་གསུམ་གྱི་རྣམ་པ་འཆར་གྱུ་ཡོད་པ་ལ་མཁྱེན་པ་གསུམ་གྱི་བདག་ཉིད་ཅེས་སྨྲོས་པ་མ་གཏོགས་པའི་ཡུམ་དེ་རང་མཁྱེན་པ་གསུམ་ཆར་ཡིན་ཟེར་བ་མ་ཡིན་ལ། ཡུམ་དེ་རང་མཁྱེན་པ་གསུམ་གྱི་རྟོགས་འདོད་པའི་རྒྱུ་མཚན་གྱིས་མཁྱེན་པ་གསུམ་ཆར་གྱི་རྟོགས་པ་དེ་ཐམས་ཅད་དུ་ཡུམ་ཡིན་པའི་རྒྱུ་མཚན་གྱིས་མཁྱེན་པ་གསུམ་གྱི་བདག་ཉིད་ཅེས་པ་མ་ཡིན། མདོར་ན་ཡུམ་རིན་པོ་ཆེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་པོ་དེའི་དུ་མར་འཆར་བ་བསྟན་པའི་སྒྲུབ་བྱེད་ཀྱིའོ། །མཁྱེན་པ་གསུམ་གྱི་བདག་ཉིད་དུ་འཆར་སྣང་ཡང་ཡུམ་རིན་པོ་ཆེའི་གནས་ལུགས་གཅིག་རང་ཡིན། དེ་ཡང་རྣམ་མཁྱེན་གྱི་གཟིགས་པ་ལྟར་དུ་ཡིན་པ་མ་གཏོགས་བྱང་སེམས་དང་ཉན་རང་གི་གཟིགས་པ་ནི་ཡུམ་མ་ཡིན་ནོ། །
ཡུམ་གྱི་མཚན་ཉིད་ཀྱི་ཟུར་དུ་ཚུལ་གསུམ་པ་ཅན་ཞེས་པའི་དོན་གྱི་ཡང་གོ་སླ་སྟེ། ཡིན་པ་དེ་ཡང་རང་ལུགས་ཀུན་མཁྱེན་ཆེན་པོས་བྱམས་པའི་ཞལ་ལུང་དུ། ཚུལ་གསུམ་པ་ཅན་ཞེས་པས་ཡུམ་དེ་ཉིད་སྲས་རང་རང་གི་རྟོགས་པ་ལྟར་དུ་གྲུབ་བམ་སྙམ་ན་མ་ཡིན་ཏེ། དེ་ནི་རྫོགས་པའི་སངས་རྒྱས་ཀྱིས་གཟིགས་པ་ལྟར་དུ་གནས་སོ་ཞེས་དུ་མར་སྣང་ཡང་གཅིག་ཏུ་འདུ་བའི་མཐུ་སྟོན་པ་སྟེ། སྲས་གཞན་གསུམ་ཡང་མཐར་ཐུག་དེར་བགྲོད་དགོས་པས་སོ། །དེ་བས་ན་ཡུམ་ལ་མཁྱེན་པ་གསུམ་དུ་ཕྱེ་བ་ནི་རང་བཞིན་གསུམ་དུ་ཕྱེ་བ་མ་ཡིན་ཏེ་དབྱེ་བར་མི་ནུས་པའི་ཕྱིར་རོ་ཞེས་གསུངས་སོ། །རང་གི་གོ་བ་ལྟར་ན་ཡང་མཁྱེན་པ་གསུམ་གྱི་བདག་ཉིད་ཚུལ་གསུམ་པ་ཅན་ཞེས་གསུངས་པ་ནི་རང་ལུགས་ལ་དེའི་རྣམ་པ་ཙམ་ཐ་དད་པ་མ་ཡིན་པ་ཡུམ་དེ་རང་མར་འཆར་ཚུལ་སྟོན་འོང་དེ། ངོ་བོ་ཆོས་སྐུ་ཡིན་ན་ཡང་སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱི་སྤྲུལ་སྐུའི་རྣམ་པ་མི་འདྲ་བ་སྟོན་པ་ལྟར། ཡུམ་རིན་པོ་ཆེ་འདི་ངོ་བོ་གཅིག་ཡིན་ན་ཡང་སྲས་འཕགས་བཞི་དེ་མཁྱེན་པ་གསུམ་གྱི་བདག་ཉིད་ལྟར་དུ་འཆར་ཚུལ་བསྟན། དེ་བསྟན་ན་ཡང་མཁྱེན་པ་གསུམ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ཞེས་སྟོན་པའི་ཆེད་དུ་ཚུལ་གསུམ་པ་ཅན་ཞེས་སྨྲོས་ནས། དེ་ལྟར་དུ་བསྟན་ན་ཡང་ངོ་བོ་དེ་ཚུལ་གསུམ་ཡོད་པ་མ་ཡིན་ནོ། །གསུམ་དུ་ཡོད་པ་ནི་ཚུལ་ཡིན་དོན་ལ་གཅིག་རང་ཡིན། དུ་མ་སྣང་ཡང་གཅིག་ཏུ་འདུ་བའི་མཐུ་སྟོན་པའི་རྒྱུ་མཚན་གྱིས་ཚུལ་གསུམ་པ་ཅན་ཞེས་བཞག་ན་སྐྱོན་ཡོད་པ་མ་ཡིན་སྙམ་མོ། །གོང་དུ་བཤད་པའི་གཞི་ཤེས་དང་ལམ་ཤེས་ནི་ཡུམ་ཡིན་མིན་འདོད་པ་མང་བ་ཡོད་དོ། །ཡོད་ན་ཡང་རང་གི་སྤྱོད་ཡུལ་འཇུག་པ་ནི་དཀའ་བའི་གནས་སུ་གྱུར་རོ། །རང་གིས་ལམ་ཤེས་ནི་གཞི་ཤེས་ལ་ལྟོས་ན་ཡུམ་དུ་བཞག་ཀྱང་སངས་རྒྱས་ལ་ལྟོས་ན་མ་ཡིན་ནོ། །འོ་ན་ལམ་ཤེས་ཆོས་ཅན། ཡུམ་ཡིན་པ་ཐལ། མཆོད་བརྗོད་ནས་སྟོན་པའི་ཡུམ་ཡིན་པའི་ཕྱིར་ཞེ་ན། དེ་ལ་མ་ཁྱབ་པའི་ལན་བརྗོད་ན་སྐྱོན་ཡོད་པར་མ་མཐོང་། གཞི་ཤེས་ནི་ཡུམ་མ་ཡིན་ཏེ་ཀུན་མཁྱེན་ཆེན་པོས། ངོ་མ་ནི་སངས་རྒྱས་རྗེ་བཙུན་ཁོ་ནའི་ཡུམ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་གཡུང་པོ་དང་དབུལ་པོ་ལ་སོགས་པ་ལྟ་བུ་ནི་བུད་མེད་རིན་པོ་ཆེ་དང་འདྲ་བའི་ཡུམ་འདིས་ག་ལ་སྐྱེད། དེའི་ཕྱིར་འདིའི་མཐུ་དང་བཅས་པས་ནི་འགྲོ་བ་མ་ལུས་པ་སངས་རྒྱས་བཅོམ་ལྡན་འདས་ཁོ་ནར་སྒྲུབ་པས་ན་མཚར་དུ་བྱའོ་ཞེས་གསུངས་པས་ཀྱང་སྒྲུབ་བོ། །དེ་ལྟར་བཞག་ན་རང་ལུགས་ཀུན་མཁྱེན་དང་མཁས་པ་གཞན་ཡང་ཡུམ་གྱི་རྣམ་བཞག་འཇོག་ཐངས་ཀྱང་འགལ་མེད་དུ་གྲུབ་བོ། །
མཇུག་བསྔོ་བ་ནི།
དེ་རྩོམ་པ་ལས་རྣམ་དཀར་དགེ་བ་གང་མཆིས་པ། །
མཁའ་ཁྱབ་སེམས་ཅན་ཐེག་ཆེན་བདུད་རྩིར་ལོངས་སྤྱོད་ནས། །
ཕར་ཕྱིན་རྟོགས་པའི་གྲུ་ཆེན་རྙེད་པའི་མཐུ་སྟོབས་ཀྱིས། །
ཁམས་གསུམ་འཁོར་བའི་རྒྱ་མཚོ་རྣམ་པར་རྒྱལ་བར་ཤོག །
![]() |
བསྟན་བཅོས་མཁན་ལོ་ངོ་གསུམ་པ། ཀུན་བཟང་རྡོ་རྗེ། |
ཅེས་པ་འདིའང་རང་ལུགས་ཀུན་མཁྱེན་ཆེན་པོའི་དགོངས་པ་རྒྱ་ཆེ་བ་དང་གཏིང་ཟབ་པ་ལ། དགེ་ཤེས་བྱ་རབ་གསལ་རང་ཉིད་ཅུང་གོམས་པའི་ཕྱིར་ཐོས་བསམ་གྱི་བྲེལ་བས་ཡིག་ཆ་ཡོངས་རྫོགས་མཇལ་བའི་གོ་སྐལ་མ་རྙེད་ཀྱང་ཐོར་བུ་བ་མཇལ་ཡོད་པ་རྣམས་དཔེ་ཁྲིད་ཞུ་བའི་སྟབས་དང་བསྟུན་སྤྱི་ལོ། ༢༠༢༣ ལོར་རྡོར་གདན་བཀྲིས་ཐངས་བགྲོ་གླེང་གྱི་དོན་དུ་ཐོས་བསམ་གྱི་བར་གསེབ་ནས་བྲིས་པ་དགེ་ལེགས་སུ་གྱུར་ཅིག ། ། །
བསམ་འཆར།